༑ འབྲི་གུང་ལམ་མཁྱེན་རྒྱལ་པོ་རིན་པོ་ཆེའི་སྐུ་ཚེའི་མཛད་རྣམ་རག་བསྡུས་དད་པའི་སྐྱ་རེངས།
འགྲོ་བའི་དེད་དཔོན་ཐུབ་དབང་ལྷ་ཡི་ལྷ། །
འགྲོ་བའི་མུན་སེལ་འཕགས་བོད་པན་གྲུབ་ཚོགས། །
འགྲོ་བའི་གཉེན་གྱུར་བཀའ་བརྒྱུད་ཡབ་སྲས་ནས། །
འགྲོ་བའི་དཔལ་དུ་རིམ་རྒྱུད་གཙུག་ན་རྒྱལ། །
ཅེས་མཆོད་པར་བརྗོད་པས་མདུན་བསུས་ཏེ་སྐབས་འདིར། མཆོག་སྤྲུལ་འབྲི་གུང་ལམ་མཁྱེན་རྒྱལ་པོའི་རིན་པོ་ཆེའི་མཛད་རྣམ་དངོས་མཐོང་དུ་གྲགས་པ་མདོ་ཙམ་གླེང་བར་བྱ་བ་ལ།
དང་པོ་དམ་པའི་སྐྱེས་བུ་རྣམས་ཀྱི་ལུང་གིས་ཟིན་པའི་ཚུལ་དང༌། གཉིས་པ་ལོ་རྒྱུས་ཀྱི་རིམ་པའོ། །དང་པོ།
ལུང་དུ་གྲགས་ཚད་ལུང་མ་ཡིན། །ཚད་མས་གྲུབ་པ་དེ་ལུང་ཡིན། །ཞེས་གསུངས་པ་ལྟར། སྐྱེས་བུ་ཚད་མར་སྒྲུབ་བྱེད་ལུང་རིགས་ཚད་མ་མེད་ན་ཐབས་བྱུས་འདོད་དབང་སྣ་ཚོགས་ཀྱིས་བསྒྲུབ་པར་བྱས་པས་ཚད་མར་ག་ལ་འགྱུར།
སྐྱེས་བུ་ཚད་མ་ནི། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། ཅེས་གསུངས་པ་ལྟར་ཚད་མར་གྱུར་པའི་སྐྱེས་བུ་ཡིན་པའི་ཚུལ། ཡར་རྗེ་ཨོ་རྒྱན་གླིང་པས་གཏེར་ནས་བཞེས་པའི་རྒྱལ་པོ་བཀའ་ཐང་ལས། ཤཀྱའི་ཞིང་ཁམས་བྱང་ཕྱོགས་ཁམས་ཞེས་ན༔ གསང་སྔགས་ཐེག་ཆེན་སྤྱོད་པའི་རྣལ་འབྱོར་པ༔ སྔགས་ཀྱི་བདག་པོ་རྒྱལ་བུ་ཞེས་བྱ་འབྱུང་༔ དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ ཅེས་གསུངས་པ་དང༌། དགོངས་འདུས་ལུང་བསྟན་བཀའ་རྒྱ་མ་ལས། མ་འོངས་འཇུག་ཏུ་དུས་ཀྱི་མཐར་ལྷུང་ཚེ༔ ཁྱོད་ནི་བྱང་ཁམས་སྐྱོང་བའི་རྣལ་འབྱོར་པ༔ མི་ཡི་སེང་གེ་ཤེས་རབ་སྟོབས་དང་ལྡན༔ ཆ་ལུགས་མ་ངེས་ཅི་ཡང་སྟོན་བྱེད་ཅིང༔ བསྟན་པའི་སྲོག་འཛིན་རྒྱལ་གྱི་མིང་ཅན་འབྱུང་༔ གདུག་པ་འདུལ་ཞིང་འགྲོ་བ་དཔག་མེད་འདྲེན༔ ཞེས་གསལ་བ་དང༌། ཡང་འབྲི་གཏེར་འོད་གསལ་རྡོ་རྗེའི་གཏེར་ལུང་ལས། ཡུལ་ལྷ་ཟླ་རྒྱལ་མཐོན་པོའི་ཕྱོགས་ཉེ་ཆར༔ གླིང་གི་རིགས་རུས་བྱང་གླིང་མར་གད་ཐང་༔ རྒོད་ལྡེམ་སྤྲུལ་པ་དགོངས་པའི་ཀློང་མཛོད་ཅན༔ ཉམས་བླང་སྨིན་གྲོལ་འགྲོ་བ་ཆོས་ལ་བསྒྱུར༔ རིགས་ཀྱི་བུ་ཡི་ཆོས་སྲས་སྒྲོན་མེ་འབྱུང༔ ཞེས་གསུངས་པའི་དོན་རྣམས་མདོ་ཙམ་བསྙད་ན།
ཤཱཀྱའི་ཞིང་ཁམས་བྱང་ཕྱོགས་ཁམས་ཞེས་ན༔ ཞེས་གསུངས་པ་ནི།
བདག་ཅག་གི་སྟོན་པ་ཤཱཀྱ་ཐུབ་པའི་འདུལ་ཞིང་དུ་གྱུར་པའི་བོད་ཆོས་ལྡན་གྱི་ཞིང་ཁམས་བྱང་འབྲོག་གི་ཕྱོགས་ཁམས་ནང་ཆེན་འབྲོང་སྨད་ཞེས་པའི་གནས་ཡུལ་ན།
གསང་སྔགས་ཐེག་ཆེན་སྤྱོད་པའི་རྣལ་འབྱོར་པ༔ ཞེས་པ་ནི།
སྤྱིར་ཐེག་ཆེན་ལའང་རྣམ་པ་གཉིས་ལས་དམ་པ་འདི་ཉིད་གསང་སྔགས་རྡོ་རྗེ་ཐེག་པའི་ཕྱོགས་ལ་མོས་དད་ཆེ་བ་དང་ལྷག་པར་ཟབ་གསལ་ལྷན་སྐྱེ་གནས་ལུགས་ཕྱག་རྒྱ་ཆེན་པོ་དང་འོད་གསལ་རྫོགས་པ་ཆེན་པོའི་ཆོས་སྐོར་ལ་མི་ཕྱེད་པའི་དག་སྣང་མོས་གུས་ཆེ་བས་དེ་ཕྱིར་གསང་སྔགས་ཐེག་པ་ཆེན་པོ་ལ་ལོངས་སྤྱོད་པའི་རྣལ་འབྱོར་གྱི་རིགས་སུ་གཏོགས་པ་ཞེས་བདེན་པའི་ཐ་ཚིག་དང༌།
སྔགས་ཀྱི་བདག་པོ་རྒྱལ་བུ་ཞེས་བྱ་འབྱུང་༔ ཞེས་པ་ནི།
འབྲི་གཏེར་འོད་གསལ་རྡོ་རྗེས་གསང་སྔགས་གཏེར་གྱི་ཆོས་བདག་ཏུ་མངའ་གསོལ་བ་དང་ཟབ་མོ་སྔགས་ཀྱི་རྒྱུད་ལུང་མན་ངག་ལ་གཞན་ལས་གོ་རྟོགས་གཏིང་ཟབ་དང་དཀའ་ཚེགས་དེ་ཙམ་མི་དགོས་པ་མཁྱེན་རྒྱ་ཡངས་པས་ན་སྔགས་ཀྱི་བདག་པོ་ཞེས་རང་བཞིན་བརྗོད་པ་དང༌།
རྒྱལ་བུ་ཞེས་བྱ་འབྱུང༌། ཞེས་པ་ནི།
ཆུང་ངུའི་སྐབས་ཨ་རྦོ་རྒྱལ་བུ་ཞུ་བ་མཚན་དེ་རང་དངོས་སུ་གསལ་བས་ཐུན་མོང་དངོས་བྱུང་གི་བདེན་ཚིག་འདི་ལ་མ་བཅོས་སོར་བཞགས་སུ་འཇོག་པ་ལས་འགྲེལ་བཤད་མ་དགོས།
དེ་ནས་འཕོས་ཏེ་སྤྱོད་པ་རླབས་ཆེན་མཛད༔ ཞེས་པ་ནི།
དེ་ནས་ཏེ་མི་མཇེད་ཀྱི་ཞིང་འདི་ནས་འཕོས་ཏེ་མཚམས་རྫོགས་པ་མ་ཡིན་པར་སླར་ཡང་མ་འོངས་སྐྱེ་འགྲོའི་དོན་ལ་སྤྱོད་པ་རླབས་ཆེན་མཛད་དོ་ཞེས་འདི་ཙམ་མིན་པ་འབྱུང་འགྱུར་ལ་ཡང་ལུང་བསྟན་པར་མཛད་པ་ནི་ཐམས་ཅད་མཁྱེན་པའི་ཡུལ་དུ་གྱུར་པ་ལས་ཚུར་མཐོང་གིས་བློས་འགྲེལ་བརྗོད་དཀའ་བའི་རིགས་སུ་གནས་སོ།
མ་འོངས་མཇུག་ཏུ་དུས་ཀྱི་མཐར་ལྷུང་ཚེ༔ ཞེས་པ་ནི།
མ་འོངས་མཇུག་ཏུ་ནད་མཚོན་མུ་གེའི་སྐྱེ་འགྲོ་དམྱལ་ཐག་གཅོད་པའི་དུས་ཀྱི་མཐར་ལྷུང་ཚེ་ཞེས་དང༌།
ཁྱོད་ནི་བྱང་ཁམས་སྐྱོང་བའི་རྣལ་འབྱོར་པ༔
ཁྱོད་ནི་བྱང་ཁམས་སྐྱོང་བའི༌། ཞེས་པ་ནི།
རྒྱལ་སྲས་ཁྱོད་ནི་བོད་བྱང་འབྲོག་གི་ཕྱོགས་མདོ་ཁམས་ནང་ཆེན་འབྲོང་སྨད་ཀྱི་ལུགས་གཉིས་སྐྱོང་བའི་མི་རྗེ་ཡིན་པ་དང༌།
རྣལ་འབྱོར་པ། ཞེས་པ་ནི། རྒྱུན་དུ་རང་སེམས་རིག་སྟོང་རྣལ་མའི་དོན་ལ་མི་ལྷོད་པའི་རྣལ་འབྱོར་གྱི་གྲགས་སུ་ཅི་ལ་མིན། དེ་ཡང་ཡོངས་རྫོགས་བསྟན་པའི་སྲོག་ཤིང་ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་མདུན་ནས་ཚིག་གསུམ་གནད་བརྡེག་ཞུས་སྐབས༌། ཁོང་གིས་ཁྱོད་ཀྱིས་ཚིག་གསུམ་གནད་བརྡེག་གི་བཤད་ཁྲིད་མཛོད་ཅིག་ཅེས་དབུགས་དབྱུངས་གཟེངས་བསྟོད་ཀྱིས་མངའ་གསོལ་གནང་བ་དང༌།
ཁྱོད་ནི་ཞེས་པའི་ནི་སྒྲས། བོད་བྱང་འབྲོག་ཙམ་མིན་པ་འཛམ་གླིང་ཤར་ནུབ་གང་སར་བསྟན་འགྲོའི་མཛད་བཟང་སྐྱོང་བཞིན་པ་ལ་རྗེས་སུ་དཔག་གོ །
མི་ཡི་སེང་གེ་ཤེས་རབ་སྟོབས་དང་ལྡན༔ མི་ཡི་སེང་གེ །ཞེས་པ་ནི།
རིག་དྭགས་ཀྱི་རྒྱལ་པོ་སེང་གེ་དེ་བཞིན། ཕོ་རྩལ་སྣ་དགུ་འཛོམས་པའི་མི་ཡི་ནང་ནས་སེང་གེ་ལྟ་བུ་གཟི་བརྗིད་དང་ལྡན་པ་འཇིག་རྟེན་མིག་ཡོད་ཀུན་གྱི་ཐུན་མོང་གིས་མཇལ་བ་འདི་ལ་རྒྱས་སྤྲོས་མ་དགོས་སོ།
ཤེས་རབ་སྟོབས་དང་ལྡན། ཞེས་པ་ནི།
སྦྱང་སྟོབས་ཙམ་མིན་པ་སྐྱེས་སྟོབས་ཀྱི་ཤེས་རབ་འཆད་རྩོམ་སོགས་ཐུན་མོང་དང་ཐུན་མིན་ཕྱག་རྫོགས་ཀྱི་ལྟ་གྲུབ་གཉུག་མའི་གཤིས་གཅིག་ཐོག་ཏུ་འབེབས་པའི་ཤེས་རབ་ཀྱི་རྩལ་སྒོ་འགགས་མེད་ཀྱིས་བཀྲལ་ཞིང་མི་འཇིགས་པའི་སྟོབས་དང་ལྡན་པའི་སྤོབས་པ་ཡང་མངའ། དེ་ཡང་ཀུན་གྱིས་གཙུག་ཏུ་བཀུར་བའི་དིལ་མགོ་མཁྱེན་བརྩེ་རིན་པོ་ཆེས་མཁས་པ་ཆེན་པོ་ཞེས་ཞལ་རྩེད་ཀྱི་ཚུལ་དུ་གསུངས་པ་དང༌།
ཆ་ལུགས་མ་ངེས་ཅི་ཡང་སྟོན་བྱེད་ཅིང༔ ཞེས་པ་ནི།
བསྟན་འགྲོའི་དོན་ལ་མཛད་པ་བསྐྱང་ཚུལ་ནི། ཆ་ལུགས་མ་ངེས་ཅི་ཡང་སྟོན་པའི་སྒོ་ནས་དང་པོ་གདན་ས་ལྷོ་ལུང་དཀར་དགོན་གྱི་གྲྭ་སར་བཞུགས་ཏེ་གྲྭ་པ་གནང༌། དེ་རྗེས་ཡབ་རྗེ་དམ་པ་སྐུ་གཤེགས་རྗེས་འབྲོང་པ་སྨད་མའི་བེ་ཧུ་འམ་ས་སྐྱོང་གི་རྗེ་བོ་གནང་བས་མི་དཔོན་གྱི་ཚུལ་དང༌།
སྐབས་དེར་ཀ་བཀྲ་ཤིས་དགོན་གྱི་མཆོག་སྤྲུལ་ཕྲིན་ལས་རྒྱ་མཚོའི་ཡང་སྲིད་དུ་འབྲི་གུང་སྐྱབས་མགོན་ཞི་བའི་བློ་གྲོས་ཀྱི་ངོས་འཛིན་གནང་བས་བླ་མ་འམ་སྤྲུལ་སྐུའི་ཚུལ་དང༌། དེ་རྗེས་དུས་ཀྱི་འཕོ་འགྱུར་ལ་རྟེན་འཕགས་ཡུལ་སྦིར་གཞིས་ཆགས་བལ་ལས་ཚོགས་པའི་དབུ་འཛིན། བོད་གཞུང་ནང་སྲིད་ལས་ཁུང་གི་རྒན་དྲུང་སོགས་གནང་སྐབས་མི་སྐྱའི་ཚུལ་དང༌།
དེ་རྗེས་འབྲི་གུང་སྐྱབས་མགོན་དཀོན་མཆོག་བསྟན་འཛིན་ཀུན་བཟང་འཕྲིན་ལས་ལྷུན་གྲུབ་མཆོག་གི་དགོངས་པ་བཞིན་སླར་ཡང་དམར་སེར་ངུར་སྨྲིག་གི་ན་བཟའ་བགོས་ཏེ་བསྟན་འགྲོའི་དོན་ལ་ཞབས་ཞུས་དང་འབྲེལ་སྐྱབས་མགོན་རིན་པོ་ཆེས་ཆེ་མཐོང་གི་སྐུ་ཡོན་ལ་གཞིག་ཏེ་འབྲི་གུང་ལམ་མཁྱེན་པའི་མཚན་གྱི་ཅོད་པན་གསོལ་བ་བཅས་ད་བར་གནང་བཞིན་སོགས་ཆ་ལུགས་མ་ངེས་སྣ་ཚོགས་སྟོན་པར་བྱེད་པའི་ལོ་རྒྱུས་ལུང་དོན་ལྟར་ཡོངས་སུ་གྲགས་ཅིང་གསལ་བའོ།
བསྟན་པའི་སྲོག་འཛིན། ཞེས་པ་ནི།
གངས་ལྗོངས་དུས་ཀྱི་འཕོ་འགྱུར་དུས་ཚོད་གཉེན་འཕྲང་ཆེ་བའི་དུས་སྐབས་དེར་བསྟན་པའི་མེ་རོ་སླར་གསོའི་སྐབས་རྟེན་གཞི་འཕགས་ཡུལ་བྱང་ཆུབ་གླིང་ས་ཆ་གསར་ཉོས་དང་དེ་རྗེས་སྨད་མདོ་ཁམས་ནས་སྟོད་གངས་རིའི་བར་འབྲི་དགོན་ཡོངས་ལ་འཚམས་འདྲི་དང་འབྲི་གུང་སྐྱབས་མགོན་རིན་པོ་ཆེའི་བཀའ་སློབ་དྲིལ་བསྒྲགས་དང་དབང་ལུང་འཆད་སྤེལ་ཆོ་ག་དབྱངས་རོལ་བཅས་ལྷོ་མགར་གཉིས་གཙོ་བོར་གྱུར་པའི་དགོན་པ་ཁག་ལ་སྐུ་ངལ་ཁྱད་བསད་ཀྱིས་གནང་བས་བསྟན་པའི་སྲོག་འཛིན་གྱི་སྐྱེས་བུ་མ་ཡིན་པ་སྙོན་སུས་ཕོད། དེ་ཙམ་མ་ཟད་འཕགས་ཡུལ་དུ་སྔ་འགྱུར་རྙིང་མའི་གདན་ས་རྡོ་རྗེའི་བྲག་སླར་གསོའི་མཐུན་སྦྱོར་རྨང་གཞི་གནང་བ་དང༌།
རྒྱལ་གྱི་མིང་ཅན་འབྱུང༌། ཞེས་པ་ནི།
སྐུ་ན་ཆུང་ངུའི་སྐབས་ཤ་དཀར་ལ་རྒྱག་རིས་ཞིག་ཡོད་པས་ཀུན་གྱིས་རྒྱལ་པོ་ཧཱ་ཤང་འདྲ་བོ་འདུག་ཞེས་བརྗོད་ནས་མཚན་ལ་རང་བཞིན་གྱིས་རྒྱལ་པོར་ཆགས་པ་ལས་རང་འདོད་གྱིས་བཏགས་པ་མིན་ཕྱིར་རྒྱལ་གྱི་མིང་ཅན་འབྱུང་ཞེས་པ་ནི་རང་བཞིན་དངོས་བྱུང་གི་ཆོས་ཉིད་རེད།
འདི་ལ་འགའ་ཞིག་གིས་ཁོང་ནང་ཆེན་རྒྱལ་པོ་མིན་པ་ལ་ཡིན་ཚུལ་བྱེད་དམིགས་ཀྱིས་བཏགས་ཡོད་ལུགས་བསྒྲགས་གཏམ་བརྗོད་རུང༌། ཁོང་ནི་ཕ་ཡུལ་ནང་ཆེན་འབྲོང་སྨད་དང༌། མཚན་ལ་རྒྱལ་པོ་ཞུ་བས་དེ་ཕྱིར་ནང་ཆེན་རྒྱལ་པོ་ཞེས་ཀུན་གྱིས་འབོད་པ་དེ་རེད། དཔེར་ན། སྨྲ་བ་པོ་ཁྱོད་ཀྱི་ཕ་ཡུལ་ནང་ཆེན་དང༌། མཚན་ལ་དམ་ཆོས་ཞེས་བརྗོད་ན། ནང་ཆེན་དམ་ཆོས་ཞེས་བརྗོད་ཆོག་དམ། ཆོག་ཟེར་ན། ག་ལ་ཆོག །ཁྱོད་ལས་ནང་ཆེན་དམ་ཆོས་གཞན་ཡོད་པའི་ཕྱིར། ཁྱོད་ཀྱིས་ནང་ཆེན་མིང་ཁུར་ག་ལ་ཆོག་ཟེར་ན་ཅི་སྨྲ། གཞན་ཡང་ཁོང་ཉིད་འཕགས་ཡུལ་དུ་འབྱོར་སྐབས་དགེ་ལྡན་སེ་ར་དགོན་པའི་སྒོམ་སྡེ་ཁ་
མཚན་གྱིས་ནང་ཆེན་རྒྱལ་པོ་བྱོན་འདུག་ལུགས་ཀྱིས་འཚམས་འདྲི་གནས་ཕྲིན་འབྱོར་བས། ཁོང་གིས་ཕྲན་ནང་ཆེན་རྒྱལ་པོ་མིན་ལུགས་ཀྱིས་འབྱོར་ལན་བཏང་གནང་འདུག་པས་སེར་དགོན་སྒོམ་སྡེ་ཁག་མཚན་ལ་དྲིས་ན་ཐེ་ཚོམ་གཅོད་པའི་ལེན་རྙེད་ཐུབ་པ་དང༌། གཞན་རྒྱ་བོད་ཡིག་ཚང་གང་ལའང་ཁོང་ནང་ཆེན་རྒྱལ་པོ་ཡིན་ཞེས་འགྲེལ་བརྗོད་གནང་མེད་པ་དང༌། ཕྱི་ཕྱོགས་མི་སྣས་མི་དེའི་ཕ་ཡུལ་དང་འབྱུང་ཁུངས་ལ་གཞིག་ཏེ་དེ་ལྟར་རང་བཞིན་བརྗོད་པ་ལ་འདི་ལྟར།
ཡུལ་མིང་རང་བཞིན་གཞན་གྱིས་བརྗོད། །
དེ་ལ་སྒྲོ་འདོགས་དེ་སྐད་འཛེར། །
བློ་ཆུང་རི་བོང་གནམ་སྡེབས་ཀྱི། །
དོགས་ཏེ་རྒྱུགས་པས་ཅི་ཞིག་ཕན། །
ཞེས་ཀྱང་སྨྲས་སོ།
གདུག་པ་འདུལ་ཞིང་འགྲོ་བ་དཔག་མེད་འདྲེན༔
གདུགས་པ་འདུལ་ཞིང༌། ཞེས་པ་ནི། ཕས་རྒོལ་གྱི་རིགས་དང༌། ནད་གདོན་བར་ཆད་ཀྱི་འཇིགས་པ་བསལ་བ་དང༌། དྲིན་ལན་ལོག་མཇལ་བསམ་ངན་སྦྱོར་རྩུབ་ཁ་མཆུ་ངན་སྨྲས་གདུག་པའི་རིགས་ལ་རང་བཞིན་གྱིས་བདེན་དོན་མངོན་གྱུར་གཡུལ་ལས་རྒྱལ་ཏེ་མཐོང་ཆོས་མྱོང་གྱུར་གྱིས་རང་རྟགས་ཐད་དཀར་དོད་པ་ནི་གདུག་པ་རང་བཞིན་གྱིས་འདུལ་བ་དང༌།
འགྲོ་བ་དཔག་མེད་འདྲེན། ཞེས་པ་ནི།
དེང་གི་ཆར་ལས་སྨོན་རྟེན་འབྲེལ་གྱི་ཉེར་ལེན་ལ་རྟེན་འཛམ་གླིང་ཤར་ནུབ་གང་སར་འགྲོ་བ་དཔག་ཏུ་མེད་པ་ལ་ཐར་འདོད་ཀྱི་རེ་བ་བསྐོང་ཞིང་ལམ་བཟང་པོ་བྱང་ཆུབ་ཀྱི་ཕྱོགས་སུ་འདྲེན་པར་ས་བོན་འདེབས་པའི་དེད་་དཔོན་བཞིན་དུ་གྱུར་པ་ཉིད་དོ།
ཡུལལྷ་ཟླ་རྒྱལ་མཐོན་པོའི་ཕྱོགས་ཉེ་ཆར། ཞེས་པ་ནི།
བོད་མདོ་ཁམས་ཀྱི་ཡུལ་ལྷ་ཟླ་རྒྱལ་ཅེས་རྗེའི་མགུར་ལྷ་བཅུ་གསུམ་གྲས་ཁམས་ཀྱི་བྱ་ཐུར་རམ་ཡུལ་སྐད་དུ་རྫ་རྒྱལ་ཞེས་འབོད་པའི་ཡུལ་ལྷ་དེ་དང༌། ལྕི་གཞུང་ནང་ཆེན་འབྲོང་པའི་ཡུལ་ལྷ་ལྡོང་འབྲོང་པའི་རྒྱབ་རི་རོག་རྒྱང་མཐོན་པོའི་ཕྱོགས་ཉེ་ཆར།
གླིང་གི་རིགས་རུས་ཞེས་པ་ནི། བོད་མིའུ་གདུང་དྲུག་གི་ཡ་རྒྱལ་གླིང་གི་རིགས་རུས་ཆེ་རྒྱུད་སྨུག་པོ་ལྡོང་རིགས་སུ་སྐུ་འཁྲུངས་པ་དང༌།
བྱང་གླིང་མརྒད་ཐང༌། ཞེས་པ་ནི།
འཁྲུངས་པའི་ཡུལ་ཡང་བྱང་གླིང་ཞེས་བོད་ཁམས་བྱང་འབྲོག་དུག་ཚེར་ནགས་ཚལ་གྱིས་དབེན་པའི་སྤང་ལྗོངས་རྩི་སྨན་སྣ་ཚོགས་བཀྲ་བའི་མ་རྒད་ལྟ་བུ་སྤང་ཐང་གི་ཡུལ་ལྗོངས་དེ་ལ་བྱང་ལྕི་གཞུང་ཞེས་ཀུན་གྱིས་འབོད་པ་དེ་ཡིན།
རྒོད་ལྡེམ་སྤྲུལ་པ་དགོངས་པའི་ཀློང་མཛོད་ཅན། ཞེས་པ་ནི།
སྤྲུལ་པའི་གཏེར་ཆེན་རིག་འཛིན་རྒོད་ལྡེམ་ཅན་གྱི་རྣམ་འཕྲུལ་དུ་བསྔགས་པ་དང༌། ཐེག་མཆོག་གསང་བའི་གནད་དགོངས་པའི་ཀློང་མཛོད་གཞི་དབྱིངས་སུ་མངའ་བ་མ་ཟད། ཚུར་མཐོང་མཛོད་པུ་ལ་ཤ་ཚུགས་འབུར་དོད་སྨེ་བ་ཅན་དང༌།
ཉམས་བླངས་སྨིན་གྲོལ་འགྲོ་བ་ཆོས་ལ་བསྒྱུར༌། ཞེས་པ་ནི།
ཆོས་རྗེ་གཏེར་སྟོན་མཆོག་གིས་གཏེར་ནས་བཞེས་པའི་སྒྲོལ་མ་དམར་མོའི་གཏེར་བདག་ཏུ་མངའ་གསོལ་ཞིང་ཟབ་ཆོས་དེའི་ཉམས་སུ་བླངས་ཚུལ་སྨིན་གྲོལ་གྱི་གདམས་པ་རྣམས་གཏད་ཅིང་མ་འོངས་གདུལ་བྱའི་འགྲོ་བ་རྣམས་ཆོས་ལ་བློ་བསྒྱུར་ཏེ་འཛམ་གླིང་ཡུལ་གྲུ་ཀུན་ལ་དར་བའི་ཟབ་ཆོས་སྒྲོལ་དམར་གྱི་སྙན་པ་དེ་དམ་པ་འདི་ཉིད་ཀྱིས་ཐུགས་ཀློང་ནས་འབྲི་གུང་པ་སྐྱེ་བུ་ཆེ་ཕྲ་དུ་མ་ཞིག་ལ་བསྩལ་བའི་རྒྱུ་རྐྱེན་གྱི་རྟེན་འབྲེལ་ལས་འོང་བ་ཞིག་ལས་གཞན་ག་ལ་ཡིན།
རིགས་ཀྱི་བུ་ཡི་ཆོས་སྲས་སྒྲོ་མེ་འབྱུང༌། ཞེས་གསུངས་པ་ནི།
ཨོ་རྒྱན་སངས་རྒྱས་གཉིས་པས་ཆོས་རྗེ་གཏེར་སྟོན་རིགས་ཀྱི་བུ་ཡི་ཆོས་སྲས་སམ་ཆོས་བདག་ཏུ་མ་འོངས་སྙིགས་དུས་མུན་པའི་ནང་དུ་སྒྲོན་མེ་ལྟ་བུ་འབྱུང་ཞེས་གདམས་པ་མཛད་པ་ཡིན་ནོ།
ལུང་འདི་རྣམས་རྟོག་གེའི་རིགས་པ་དང་ཐ་སྙད་སྡེབ་སྦྱོར་ཚིག་གིས་མ་དཀྲུག་པ་ཚད་མའི་
བཀའ་ལུང་བཅོས་སླད་མེད་པའི་གོ་སླ་དོན་གསལ་འདི་ལས་དཔོག་ནུས། གང་ལྟར་ལུང་དོན་རྩ་བའི་ཚིག་ཀློག་པ་ཙམ་གྱིས་མེ་ལོང་ངོག་ཏུ་བལྟས་པ་བཞིན་མངོན་སུམ་མཐོང་ཆོས་སུ་གྱུར་པ་ཤ་སྟག་དང༌། གཞན་ཡང་སི་ཏུ་པདྨ་དབང་མཆོག་དང༌། ལྷོ་ཆེན་མཁའ་ཁྱབ་རིན་པོ་ཆེ། ཁྱུང་སྤྲུལ། བཀའ་བབ་བླ་མ། འཛི་སྒར་ཀོང་སྤྲུལ། འདས་ལོག་སོགས་ཀྱིས་སྐྱེ་བ་བཟང་ཞེས་དམ་པ་དུ་མས་བསྔགས་པ་དང༌།
སྤྱིར་བཏང་སྤྲུལ་པའི་སྐུ་རྣམས་གོང་མ་མཁས་གྲུབ་གཉིས་ལྡན་གྱི་རྣམ་ཐར་རྨད་དུ་བྱུང་བ་ཡོད་ན་ཡང་སྐྱེ་བ་འདི་ལ་ཡང་དེ་བཞིན་ཡོད་དགོས་པ་ལས། མེད་ན་གོང་མ་རྩ་ཆེན་ཡིན་ཚུལ་བརྗོད་པ་ལས་རང་ལ་ངོ་མཚར་བའི་ཡོན་ཏན་ཅི་ཡང་མེད་ན་དོན་སྟོང་སྟོད་བཤད་བྱས་ཀྱང་བདག་གཞན་གཉིས་ཀ་ངོ་ཚའི་གནས་སུ་གྱུར་པ་ཞིག་གོ །དེ་ལྟར་རྒྱལ་སྲས་སེམས་དཔའ་རྣམས་ཀྱི་ལུང་གིས་ཟིན་པའི་སྐབས་ཏེ་དང་པའོ། །
སྨྲས་པ།
རྟེན་འབྲེལ་རྒྱུ་ཚོགས་ལྷུན་གྱི་གྲུབ་པ་དང༌། །
མི་བསླུ་ལས་དང་སྨོན་ལམ་མཐུན་བཙན་གྱིས། །
འགྲོ་བའི་དོན་ལས་ནམ་ཡང་མི་ཡོལ་བ། །
ལུང་བཞིན་སྐུ་ཡི་དཀྱིལ་འཁོར་འདིར་བྱོན་རྨད།
གཉིས་པ་ལོ་རྒྱུས་ཀྱི་རིམ་པ་ལ་གཉིས་ལས། དང་པོ་སྐུ་འཁྲུངས་པའི་ཡུལ་ནི།
བོད་མདོ་ཁམས་ནང་ཆེན་འབྲོང་སྨད་ལྕི་གཞུང་དུ་ཡབ་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་རྣལ་འབྱོར་པ་འབྲོང་རྗེ་བེ་ཧུ་ཁྲི་རྒྱལ་མཆོག་དང༌། ཡུམ་ནང་ཆེན་གྱད་བློན་བློ་གྲོས་དང་སྙིང་སྟོབས་ཕུལ་བྱུང་གི་གྲགས་པ་གསལ་བའི་ཨ་ཤག་བེ་རྒན་འཆི་མེད་རྡོ་རྗེའི་སྲས་མོ་བཀྲ་ཤིས་གཡང་མཚོ་གཉིས་ཀྱི་སྲས་སུ་རབ་བྱུང་བཅུ་དྲུག་ས་ཡོས་ལོ་དེར་འཁྲུངས།
གཉིས་པ་རིགས་པའི་གནས་ལ་སྦྱང་ཚུལ།
སྤྱིར་དམ་པ་འདི་ཉིད་གང་ཟག་གཞན་ལྟར་ཤེས་བྱའི་གནས་ལ་ཡུན་རིང་སྡུག་བརྩོན་དྲག་པོའི་སྒོ་ནས་འབད་མ་དགོས་པར་རང་བཞིན་གྱི་ཤེས་རིག་གསལ་ཞིང་གཟུང་དྲན་སྤོབས་པའི་གཏེར་མཆོག་སྐྱེས་ཕལ་གྱིས་ཟླ་མེད་པར་ངོ་མཚར་གྱི་ཁྱད་ཆོས་བླ་ན་མེད་པ་མངའ་བ་ལས་མདོ་ཙམ་བསྙད་ན།
དགུང་ལོ་ལྔའི་དུས་ཡུམ་གྱིས་ཡི་གེ་བསླབས།
དགུང་ལོ་བདུན་དུས་ལྷོ་འབྲོང་སྤྲུལ་དཀོན་མཆོག་བསྟན་འཛིན་འགྲོ་འདུལ་དྲུང་དུ་གཙུག་ཕུད་ཕུལ། མཚན་རིན་ཆེན་རྡོ་རྗེ་རྣམ་རྒྱལ་ཞེས་གསོལ།
དགུང་ལོ་བརྒྱད་ཀྱི་དུས་གཏེར་སྟོན་འོད་གསལ་རྡོ་རྗེ་མཇལ། ཁྲིར་བཞག་ནས་ན་བཟའ་དང་སྲུང་མདུད་མགུར་དར་གསོལ། གཏེར་སྒྲོམ་སེར་པོ་སྒོང་ང་ཙམ་ཞིག་འདམ་གྱི་ཨ་མྱེ་འབྲིང་རྒྱལ་ནས་གསར་དུ་གཏེར་བཞེས་གནང་བ་དེ་སྤྱི་བོར་བཞག །བཀའ་ཤོག་ཞིག་བསྩལ་བས་དེའི་ནང་དུ་གཏེར་ལུང་ཁག་ནས་ཟིན་ཚུལ་ངོ་སྤྲོད་གནང༌། མཚན་དཀོན་མཆོག་བསྟན་འཛིན་ཤར་གླིང་མི་འགྱུར་རིན་ཆེན་རྡོ་རྗེ་རྣམ་རྒྱལ་ཞེས་གསོལ་ནས་ཕྱག་ཐམ་བཀོད་པ་གནང༌།
དགུང་ལོ་དགུའི་དུས་ལྷོ་སྤྲུལ་རིན་པོ་ཆེ་དང་མཆོག་སྤྲུལ་ཐུབ་བསྟན་སྙིང་པོ་རྣམ་གཉིས་ཕྱོགས་སུ་ཕེབས་དགོས་བྱུང་ཚེ་རཏྣའི་ཐུགས་སྒྲུབ་དང་སྔགས་གསོ་སོགས་ཀྱི་རྡོ་རྗེ་སློབ་དཔོན་གནང༌། ཚེ་སྒྲུབ་ཡང་གསང་འདུས་པའི་བདུན་མཚམས་སུ་བཞུགས། དེའི་ཁྲིད་དཔོན་དགེ་འབྱུང་རིན་པོ་ཆེས་མཛད།
དགུང་ལོ་བཅུའི་དུས་ཡོངས་འཛིན་མཁས་རྒྱམ་འཇིག་རྟེན་འདི་ལས་ཡོལ་བར་གཟིགས་པས་འདུས་བྱས་མི་རྟག་གི་རྐྱེན་གྱིས་སྒྲུབ་ལ་གཞོལ་བའི་བློ་འཁྲུངས། སྒྲུབ་དཔོན་དགེ་འབྱུང་རིན་པོ་ཆེའི་ཞབས་ལ་གཏུག་ཏེ་བླ་སྒྲུབ་བདེ་བའི་རྡོ་རྗེའི་སྔོན་འགྲོ་འབུམ་བཞི་གདན་ཐོག་གཅིག་ལ་བཞག །དེ་རྗེས་བླ་སྒྲུབ་ཕྱི་ནང་གསང་གསུམ་ལས་རུང་དང་འཇམ་དཔལ་གཤིན་རྗེའི་སྔོན་འགྲོ་ལས་རུང་དང་ཟླ་གསང་བཞུགས།
དེ་ལྟར་མཚམས་སྒྲུབ་བྱས་བློ་དང་གྲངས་ཀ་བགྲང་བ་ཙམ་མ་ཡིན་པར་ཡི་དམ་འདི་ཉིད་ལ་དགོངས་པའི་མཐིལ་གཏད་ནས་རྣལ་འབྱོར་ཆུ་བོའི་རྒྱུན་བཞིན་བརྩོན་ཞིང་ཇི་བཞིན་ཉམས་སུ་ལེན་ཚུར་མཁྱེན་པའི་སྤྱན་ཡངས་མངའ་བ་ཁྱེད་ཅག་ཙམ་ལས་སུ། གང་ལྟར་མགོན་པོ་འབྲི་གུང་པའི་ཆོས་སྐལ་འཇམ་དཔལ་གཤིན་རྗེའི་གཤེད་ཀྱི་ལྟ་སྒོམ་སྤྱོད་གསུམ་མན་ངག་གི་ཉིང་ཁུ་ཉིད་ཀྱི་མགྲིན་བཟང་ལས་ཐོན་པའི་འཇམ་དཔལ་གཤིན་རྗེའི་རྣམ་བཤད་ལ་གཟིགས་ན་མཁྱེན་རྒྱུ་ལས་རྒྱས་སྤྲོས་མ་དགོས།
དགུང་ལོ་བཅུ་གཅིག་དུས་ཐུབ་བསྟན་སྙིང་པོས་དགོངས་འདུས་དབང་ཆེན་སྨན་སྒྲུབ་དང་སྦྲེལ་ནས་མགར་ཆེན་རིན་པོ་ཆེ་དང་ལྷོ་འབྲོང་སྤྲུལ་མཆོག་ཟུང་ལ་ཕུལ་བ་ལྷན་དུ་ཐོབ་པ་དང་དཀྱིལ་འཁོར་ནང་ནས་རྟ་སྐད་གྲགས་པ་ངོ་མཚར་བའི་ལྟས་སོགས་བྱུང་བ་དང༌། ལྷོ་འབྲོང་སྤྲུལ་མཆོག་གིས་ཐུགས་སྒྲུབ་བདེ་ཆེན་སྙིང་པོའི་དབང་སྒྲུབ་ཆེན་དང་སྦྲག་ནས་མགར་ཆེན་རིན་པོ་ཆེ་ལ་ཕུལ་བ་ལྷན་དུ་ཐོབ་པ་དང༌། གཞན་ཡང་ལྷོ་རིན་པོ་ཆེས་ཡང་ཟབ་དབང་ཆེན་དང་མི་འཁྲུག་དབང་ཆེན་ལྔ་བཅུ་པའི་དབང་བཅས་བསྩལ་གནང་ཐོབ། དགོངས་འདུས་དབང་ཆེན་སྐབས་རྟ་ནག་ཤ་ཟ་ཁ་མོ་ཆེའི་བཀའ་གཏད་མགར་རིན་པོ་ཆེ་དང་སྒྲུབ་ཁང་གི་རྟོགས་ལྡན་འགའ་ཤས་དང་རྗེ་ཉིད་བཅས་ལ་བསྩལ་བ་དང༌།
དེ་ལྟར་བླ་སློབ་མཚན་ལྡན་འཛོམས་པའི་སྐབས་རྟགས་དང་རྟེན་འབྲེལ་ཕུན་སུམ་ཚོགས་པས་བླ་མའི་ཐུགས་རྒྱུད་ཀྱིས་དབང་བཞིས་དངོས་སུ་སློབ་མའི་རྒྱུད་ལ་དབང་དོན་ངོ་སྤྲད་ཅིང་སྐུ་བཞིའི་འབྲས་བུ་སྨིན་ངེས་པའི་གནས་སུ་གྱུར་པ་ལས། དེང་སང་བླ་མའི་མིང་ཡོད་པ་ཙམ་གྱི་གསང་སྔགས་དབང་བཞི་གནང་བའི་དུས་སུ་སླེབས་པ་ལ་རྟགས་རྟེན་འབྲེལ་ཕར་བཞག་དབང་ཆོག་གི་གོ་རིམ་ལེགས་པར་འབྱེད་པའི་བླ་མ་ནི་ཧ་ཅང་ཉུང་བར་སྣང༌།
དགུང་ལོ་བཅུ་གཉིས་དུས། ཡུམ་ཞི་བར་གཤེགས་པས་དེའི་དགེ་རྩ་ཆེད་སྟོན་དགུན་གྱི་རིང་ལ་མི་འཁྲུག་དང་ཀུན་རིགས་ཐུགས་རྗེ་ཆེན་པོའི་མཚམས་སྒྲུབ་དང་དེ་རྗེས་འཇམ་དཔལ་གཤིན་རྗེའི་ཟླ་གསང་བཅས་གང་ལྟར་ཟླ་དྲུག་རིང་བཞུགས། ཁྲིད་དཔོན་དགེ་འབྱུང་རིན་པོ་ཆེས་བླ་སྒྲུབ་དང་གཤིན་རྗེའི་རྫོགས་རིམ་སོགས་ལ་གཙོ་བོར་གནང་ནས་མཚམས་སྒྲུབ་གནང་བཅུག་པ་དང༌།
དགུང་ལོ་བཅུ་གསུམ་དུས་རྩིས་པ་ཨ་རུ་དར་འཕེན་མདུན་ནས་རྩིས་སྦྱངས། ལྷོ་ནུས་ལྡན་རྡོ་རྗེའི་བྱེད་རྩིས་ཆུ་འབྲུག་སྒྲ་དབྱངས་འདས་ལོ་བཟུང་ནས་དགུང་ལོ་བཅུ་གསུམ་དུས་ལོ་ཐོ་སྟོན། གླང་རིས་འབྲུག་རིས་བཅས་བྲིས་ནས་གླང་རྩིས་འདུ་ཁང་སྒོར་སྦྱར། དེ་ལྟར་ས་ཡི་དཔྱད་དང་གནམ་གྱི་གཟའ་སྐར་འབྱུང་བཞིའི་འཕྲོད་སྦྱོར་སོགས་ལ་བློ་གྲོས་ཀྱི་རྩལ་སྒོ་ཡངས་པས་མགར་བའི་ལག་ཆ་བཞིན་ཕུན་སུམ་ཚོགས་པའི་བདག་ཉིད་དུ་གྱུར།
དགུང་ལོ་བཅུ་བཞི་༡༩༥༢་ཆུ་འབྲུག་ལོར་ལྷོ་འབྲོང་སྤྲུལ་ཁྱུང་པོ་ཁུལ་སོགས་སུ་ཕེབས་པ་དང༌། ཐུབ་སྙིང་སྐུ་མཚམས་ལ་བཞུགས་པས། དེར་བརྟེན་རྗེ་ཉིད་དགོན་པའི་དུས་མཆོད་སོགས་ཀྱི་རྡོ་རྗེ་སློབ་དཔོན་གནང༌།
དགུང་ལོ་བཅོ་ལྔའི་༡༩༥༣་་ཆུ་སྦྲུལ་ལོར་དགོན་གྱི་ལས་སྣེ་བརྗེ་ལེན་ཁེལ་བ་དང་བསྟུན་འབྲོང་སྤྲུལ་འགྲོ་འདུལ་ཞབས་དང༌། ཡབ་རྗེ་དམ་པ་སོགས་ཀྱིས་བཀའ་ཕེབས་བཞིན་དགོན་གྱི་དབུ་མཛད་ཁྲི་པར་བསྐོས། ལོ་དེའི་དུས་མཆོད་སྒྲུབ་ཆེན་ཁག་གི་དབྱངས་རོལ་གར་འཆམ་སོགས་མཐོང་བ་རྒྱུད་པའི་ཕྱག་བཞེས་བཞིན་གནང༌།
སྨྲས་པ།
སྐལ་ལྡན་སྐྱེ་མ་ཐག་ནས་ཆོས་དང་འཕྲད། །
སྦྱང་བྱའི་གནས་ལ་ཚེགས་མེད་མཁྱེན་པ་བརྙེས། །
གསན་སྒོམ་ཟུང་འཇུག་ཟབ་བསལ་སྙིང་པོའི་དོན། །
འབྲལ་མེད་རྩེ་གཅིག་གཞོལ་འདི་རྨད་དུ་བྱུང༌། །
གསུམ་པ་ཁམས་ནང་ཆེན་འབྲོང་བར་སྨད་ཆོས་སྲིད་ཀྱི་འགན་དབང་བཞེས་པ།
དགུང་ལོ་བཅུ་དྲུག་སྤྱི་ལོ༡༩༤༤་རབ་བྱུང་བཅུ་དྲུག་ཤིང་ལུག་ལོར་ཡབ་ཞི་བར་གཤེགས་པའི་རྗེས་མི་འདོད་བཞིན་དུ་ཡུལ་གྱི་འགན་ཁུར་ཐོག་ཏུ་བབ་ཀྱང༌། དགུན་དུས་དགེ་འབྱུང་རིན་པོ་ཆེའི་མདུན་བཅར་སྐབས། ཁོང་གིས་ད་ལོ་ཟླ་གསང་ཞིག་བྱུང་ན་འཇམ་དཔལ་གཤིན་རྗེའི་ཟླ་གསང་བཅུ་གསུམ་ཡོང་གི་ཡོད་གསུངས་ནས། སྐབས་དེར་ལྷོ་ལུང་དཀར་དགོན་གྱི་སྒྲུབ་གྲྭའི་འདུ་ཁང་ནང་དུ་སྒྲུབ་དཔོན་དགེ་འབྱུང་རིན་པོ་ཆེ་མཆོག་དང༌། འབྱོ་བསམ་བཟང་ཞེས་ཚེ་དང་སྒྲུབ་པ་མཉམ་པ་གཤིན་རྗེའི་ཟླ་གསང་༢༡ཐེམ་པའི་རྟོགས་ལྡན་མཆོག་གཉིས་ཀྱི་དབུས་འདུས་པ་བཅོ་ལྔའི་ལྷན་དུ་འཇམ་དཔལ་ཞི་དྲག་གི་བསྙེན་མཚམས་གནང། དེ་རྗེས་སྲུང་བཟློག་སྒྲུབ་པའི་སྐབས་དེར་གཤིན་རྗེའི་གདངས་དབྱངས་སྔ་མོའི་སྲོལ་རྒྱུན་བཞིན་ཕྱག་ལེན་གནང་དགོས་པ་དང་དེ་རྗེས་ཚོགས་བརྒྱ་སྦྱིན་བསྲེགས་བཅས་མཐའ་རྒྱས་པར་མཛད།
དགུང་ལོ་བཅུ་བདུན་༡༩༥༥་་མེ་སྤྲེལ་ལོ་སྐྱེས་མདོར་འཚོགས་འདུར་ཕེབས། སྐབས་དེར་ནང་ཆེན་ཆོས་རྒྱལ་བཀྲ་ཤིས་ཚེ་དབང་རྡོ་རྗེ་ཐོག་མར་མཇལ།
དགུང་ལོ་བཅོ་བརྒྱད་༡༩༥༦་་མེ་བྱའི་ལོར་ལྷོ་འབྲོང་སྤྲུལ་རིན་པོ་ཆེ་མཆོག་གི་ལྷན་དུ་རྒྱ་ནག་དཔེ་ཅིང་གཙོས་ཞིང་ཆེན་ཁག་ལ་བལྟ་བསྐོར་ཕེབས། སྤྱི་ཟླ་་༥་པའི་ཚེས་༡་ལ་ངལ་རྩོལ་དུས་ཆེན་བྱས་པར་གཟིགས། གནམ་སྡེ་སྒོ་མོ་ཆེར། མོ་ཚེ་ཐུང་དང༌། ཀྲུ་ཏེ། ལེའུ་ཧྲུ་ཆེས། ཕུན་དེ་ཝང༌། ཅུང་ཨེ་ལེན་སོགས་དེར་ཕེབས། དགོང་མོ་གསོལ་སྟོན་གྲ་རྒྱས་ཕུལ་སྐབས་དེར་ཧི་ལུང་དང་མཉམ་དུ་ཁེལ་ཞིང་དེས་ལེགས་འཆར་བཤད། དེ་རྗེས་དམག་གི་སྟོབས་ཤུགས་ཡོད་ལུགས་འགྲེལ་བཤད་དང་འབྲེལ་དམག་མི་སར་བལྟ་སྐོར་གནང༌།
དེ་ལྟར་དམ་པ་འདི་ཉིད་ལ་ལྷན་སྐྱེས་ཀྱི་སྐྱེས་སྦྱང་གི་ཤེས་རབ་ཤིན་ཏུ་བརྣོ་བར་རྟེན་ཆུང་ནས་འཇིག་རྟེན་ལུགས་ལ་མཐོང་མྱོང་དང༌། ཆོས་ཀྱི་གནས་ལ་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་གཅིག་ཏུ་སྦྲེལ་བ་དང༌། དར་ལ་བབ་པའི་དུས་སུ་ཡང་རྣམ་དཔྱོད་ཀྱི་བློ་རྒྱ་ཡངས་ཤིང་ཁྲོ་བོའི་ལུས་ཀྱི་གཟུགས་སུ་ལྡན་པ། སྨྲས་འཛངས་སྤོབས་པའི་སྟོབས་ཀྱིས་འགྲན་ཤག་ཆམ་ལ་ཕབ་པའི་དངོས་བྱུང་ལོ་རྒྱུས་ཡོད་པ། བྱ་བ་གང་ལ་ཡང་ཞུམ་མེད་གདེང་སྤོབས་དྲང་པོའི་ཐོག་ནས་བདེ་དོན་གྱི་དཀར་ནག་མ་ཕྱེས་བར་དམ་བཅའ་མི་ལྷོད་པའི་སྙིང་སྟོབས་དང༌། གླན་ཐོམ་ཨུ་ཚུགས་རང་འདོད་ཕྱོགས་རིས་སུ་མ་བཅད་པར་རྒྱལ་བསྟན་སྤྱི་ལ་དམིགས་པའི་བསམ་རྒྱ་ཆེ་བ། མདོ་རྒྱུད་སྨན་རྩིས་རི་མོ་སོགས་ཕུན་སུམ་ཚོགས་པ་མངའ་བས་དགོས་འདོད་འབྱུང་བའི་ནོར་བུ་ལྟ་བུ། བྱེ་བྲག་མགོན་པོ་འབྲི་གུང་པའི་ཟབ་ཆོས་ཀྱི་མན་ངག་ཕྱག་བཞེས་ལ་གཅེས་སྤྲས་ཀྱི་སྒོ་ནས་འཛིན་སྐྱོང་སྤེལ་གསུམ་ལ་ལྷག་བསམ་པདྨ་དཀར་པོའི་ལོ་འདབ་རྒྱས་ཤིང་རྐང་དྲུག་བུང་བའི་ཚོགས་ལ་གང་དགར་སྟེར་ནུས་པའི་གཏེར་གྱི་བུམ་པ་ལྟ་བུ། ཐུན་མིན་ཕྱག་རྫོགས་ལྟ་སྒོམ་གྱི་གནད་དང་མན་ངག་ལ་མཁས་ཤིང་ཐུན་མོང་འཆད་རྩོམ་དང་ཆོ་ག་སྒྲུབ་འཕྲིན་གྱི་ཕྱག་བཞེས་ཆོས་འབྱུང་རྒྱལ་རབས་ཀྱི་ལོ་རྒྱུས་ལ་བློ་གྲོས་ཡངས་པས་ན་མཁས་པའི་སྙན་པ་ཡང་ཁྱོད་ལ་མངའ། དེ་ཡང་ལྷོ་འབྲོང་སྤྲུལ་བསྟན་འཛིན་ཉི་མ་རིན་པོ་ཆེས་བརྩམས་པའི་རྣམ་ཐར་དད་གསུམ་ཤིང་རྟ་ལས།
ཁྱོད་ཀྱི་མཁྱེན་རབ་ཉིན་བྱེད་བྱེ་བའི་འོད། །གསན་བསམ་བསྒོམ་པའི་ཟླ་སྣང་ཆ་རེས་ཀྱང༌། །ཡིད་དབང་བརྟན་པ་མེད་པར་འཕྲོག་ན་སླར། །སྣ་ཚོགས་ཅ་ཅོལ་ངག་ལ་ཡིད་མི་རྟོན། །ཞེས་གསུངས་པ་ལྟར་དོན་ལ་གནས་སོ།
སྨྲས་པ།
ཡུན་རིང་སྡུག་བསྲན་དཀའ་བ་སྤྱད་མིན་ཡང༌། །
ཤེས་བྱའི་བློ་གྲོས་སྤོབས་སོགས་གཏེར་གྱིས་གང༌། །
ལེགས་བཤད་སྨྲ་བའི་དཔྱོད་ལྡན་ཕལ་མོ་ཆེས། །
བསྔགས་ཤིང་གུས་པས་བཀུར་བའི་དམ་པ་ལགས། །
མིང་ཆེན་མཐོ་སློབ་སོགས་ལ་མ་འགྲིམ་ཀྱང༌། །
ཤེས་བྱའི་གནས་ལ་མཁྱེན་པ་ཡོངས་སུ་རྒྱས། །
བརྗོད་པར་དཀའ་བའི་རྣམ་པར་ཐར་པ་ལ། །
བརྗོད་པའི་ཚུལ་འདི་རང་བཞིན་ངག་ནས་ཐལ། །
བཞི་པ་འཇིག་རྟེན་ཆོས་མཐུན་གྱི་གཉེན་བསྒྲིགས་གནང་བ།
དགུང་ལོ་བཅུ་དགུའི་སྐབས་དུས་ཚོད་འགྱུར་འགྲོས་བརྟན་མིན་སྐབས་དེར་ཁྱིམ་གཞིས་བཟུང་རྒྱུ་སོགས་དེ་ཙམ་ཐུགས་མདུན་མ་མཆིས་ཀྱང༌། རྒྱ་ནག་ཏུ་གཟིགས་བསྐོར་ཕེབས་ཚེ་འབྲོང་སྡོམ་གཉིས་བར་གཉེན་སྒྲིགས་བྱ་རྒྱུའི་དགོན་སྡེ་རྒན་རབས་རྣམས་ཀྱིས་གྲོས་མཐུན་ཐག་ཆོད་ཟིན་པར་དེ་ལྟར་མ་བརྩིས་ཚེ་གྱོད་གཞི་ལས་མ་འདས་སྟབས་སྐབས་དེར་འཇིག་རྟེན་ལུགས་མཐུན་གྱིས་རྟེན་འབྲེལ་གནང་ནས་སྡོམ་པ་བེ་ཧུའི་སྲས་མོ་ཚེ་རིང་ཆོས་སྒྲོན་ཁབ་ཏུ་བཞེས།
སྨྲས་པ།
ཁྱེའུ་དགོང་ལོ་ནར་ལ་སོན་པའི་དུས། །
ཡབ་ཡུམ་འདི་ནས་འཇིག་རྟེན་ཕར་ལ་ཟིམ། །
འབྲོང་ཡུལ་མུན་པའི་གླིང་ལྟར་གྱུར་པའི་ཚེ། །
རྒྱལ་སྲིད་སྐྱོང་བར་རང་གི་ཐོག་ཏུ་དབབ། །
འཁོར་འབངས་ཀུན་གྱིས་ཇི་ལྟར་བསྐུལ་བ་ལྟར། །
འཇིག་རྟེན་ཆོས་མཐུན་བཙུན་མོ་ཁབ་ཏུ་བཞེས། །
ལྔ་པ་རང་ཡུལ་ནས་རྒྱ་གར་དུ་ཕེབས་པའི་བསྐོར།
དགུང་ལོ་ཉི་ཤུ་ཡས་མས་སྐབས་དུས་ཀྱི་རྦ་རླབས་འགྱུར་འགྲོས་ཤིན་ཏུ་ཆེ་བ་སོགས་ཀྱིས་ཚོགས་འདུ་དང༌། ཕན་ཚུན་སྐྱོན་འདོགས། དཀྲུགས་ཤིང༌། ཡ་རབ་དམངས་སུ་འབེབས། མ་རབ་གོ་སར་འགྱིང༌། གང་ལྟར་ཡུལ་ཁམས་ནོར་རྫས་ལྷག་མེད་དུ་བཅོམ་སྟེ་བར་སྲིད་ལྟ་བུའི་གསེང་ནས་གཟུགས་ཕུང་ཧྲང་པོ་མི་ཡུལ་དུ་འབྱོར། ད་དུང་གཞན་འགོ་འདྲེན་པའི་ལམ་སྟོན་དང་སྡོད་གཞི་འཚོ་བ་གང་སྤྱིར་དཀའ་ཚེགས་མེད་པར་གནས་ཐུབ་པ་ནི། སློབ་དཔོན་ཀླུས་གསུང་པའི་བདེན་ཚིག་བཞིན༌། ལོངས་སྤྱོད་གཡོ་བ་སྙིང་པོ་མེད་མཁྱེན་ནས། །གསུང་པ་ལྟར། དབུལ་འཕོང་ངེས་མེད་དང༌། འཕྲལ་སེལ་གྱི་བདེ་སྐྱིད་ངེས་མེད་ཡིན་པ་དཔེ་མངོན་གྱུར་དུ་ཤར་བ་དང༌།
སྨྲས་པ།
དེ་ལྟར་དུས་ཀྱི་འཕོ་འགྱུར་ལ་རྟེན་ནས། །
རང་ཡུལ་རྒྱབ་སྐྱོར་ངེས་མེད་ས་ཕྱོགས་སུ། །
གཅེས་པའི་སྲོག་ཀྱང་མདའ་མདུང་མཚོན་གྱི་ཁར། །
ཐེང་དགུ་རྒྱབ་ཀྱང་དགྲ་བོའི་གཡུལ་ལས་ཐར། །
འདི་སྐོར་ལོ་རྒྱུས་ཞིབ་པར་སྨྲ་དགོས་ན། །
དཔའ་བོ་འགའ་ཡང་སྙིང་ཁམས་འཕར་ཡང་སྲིད། །
བསྡར་མ་འགའ་ཡང་སྙིང་རྩ་འདར་ཡང་སྲིད། །
བློ་གྲོས་ཅན་འགའ་དད་གུས་སྐྱེ་ཡང་སྲིད། །
ལས་དབང་ཤུགས་དྲག་རྐྱེན་པས་རིང་ཀླུང་བདས། །
མདིལ་མཚོན་རྫས་ལྕགས་ཐོག་གིས་ཡུལ་གླིང་འཁྲུགས། །
ཤི་གསོན་བསྣོལ་མར་འདྲེས་པའི་གསེང་བར་ནས། །
ལས་ཀྱིས་འབྲེལ་བའི་འཕྲོས་ལུས་མི་མང་ལ། །
གཟུགས་ཕུང་ཧྲང་པོ་སྲོག་དམར་གཅིག་ཏུ་མཉམ།
དྲུག་པ་རྒྱ་གར་དུ་ཕེབས་ནས་མཛད་པ་བསྐྱང་ཚུལ།
དེ་ལྟར་ཡུལ་མི་ལྔ་བརྒྱ་ལྷག་ཙམ་ལྷན་དུ་བལ་པོར་རྒྱུད་རྒྱ་གར་དྷ་སར་བཞུགས་སྒར་དུ་༡༩༦༡ལོར་ཕེབས་གྲུབ་པ་དང༌། ཕྲུག་གུ་རྣམས་སློབ་གྲྭར་གཏོང་རྒྱུ་དང༌། གཞོན་པ་རྣམས་འཕྲལ་སེལ་འཚོ་ཐབས་ལམ་བཟོའི་ལས་རྩོལ་དུ་བསྐྱོད་སྐབས་སྐྱོབས་གསོ་སོགས་གང་ལེགས་ཞུས་ཐོབ་དང༌། དེ་ནས་ད་ལྟ་ཡོངས་གྲགས་བཞིན་སྦིར་གཞིས་ཆགས་དང་བལ་ལས་བཟོ་གྲྭ་འཛུག་བསྐྲུན་གནང༌། དེ་རྗེས་ནང་སྲིད་རྒན་དྲུང་དང༌། དེ་རྗེས་སིམ་ལའི་བཟོ་འགོར་བཏང་གནང་བཞིན་ལས་དོན་གང་ལེགས་སོན་འབྲས་དང༌། སྐབས་དེར་སྟག་ལུང་རྩེ་སྤྲུལ་རིན་པོ་ཆེའི་སྔ་འགྱུར་རྡོ་རྗེ་བྲག་སླར་གསོའི་ཆ་རྐྱེན་སོགས་བསྒྲུབས་ཏེ་བླ་མ་མཉེས་པའི་རླབས་ཆེན་གྱི་མཛད་བཟང་བྱུང་ཡོད་པ་དང༌།
བདུན་པ་འབྲི་གུང་བཀའ་བརྒྱུད་ཀྱི་བསྟན་ལ་མཛད་པ་བསྐྱང་བའི་བསྐོར།
དབོན་སྤྲུལ་སྐུ་ན་ཕྲ་སྐབས་འཚོ་ཐབས་ལམ་བཟོར་བརྟེན་ནས་ངལ་རྩོལ་བྱེད་པའི་སྐབས་སུ་འང་ཚེས་བཅུ་ཉེར་ལྔའི་ཚོགས་མཆོད་ཆགས་མེད་འཛོམས་རྒྱུ་དང་གྲྭ་རིགས་བསྡུ་རུབ་ཐོག་འཚོ་རྟེན་ཆེད་འབོད་བསྐུལ་ཞུས་པར་གོས་ཕོག་འོ་ཙམ་བཟའ་སྣུམ་གྲོ་ཆགས་སོགས་གང་འཚམས་ཐོབ་པ་ལ་གཞི་བྱས་ནས་འཚོགས་གུར་དང་ཡོ་ཆས་གོ་བསྒྲིགས་གནང༌། ༡༩༦༤ལོར་མཁན་རྨེ་བ་ཐུབ་བསྟན་རིན་པོ་ཆེ་གདན་ཞུས་དབུ་བཞུགས་ཐོག་དབྱར་གནས་ཚུགས་པ་ནས་བཟུང་ལོ་ལྟར་དབྱར་གནས་ཚུགས་པའི་ལམ་སྲོལ་དང་མཐུན་རྐྱེན་ཞབས་ཞུས་བྱས་ཤིང་སྐབས་རེ་དབྱར་གནས་ལ་རྨེ་བ་མཁན་ཐུབ་བསྟན། རྫོགས་ཆེན་མཁན་པོ་ཟླ་ཟེར། སྨན་གླིང་མཁན་ཆེན་བརྩོན་འགྲུས། ཝ་ཎའི་མཁན་ཆེན་དཔལ་ལྡན་ཤེས་རབ། ས་སྐྱའི་མཁན་པོ་རིན་ཆེན་བཅས་ལྷན་འཛོམས་ཀྱི་སྐལ་བཟང་བྱུང་ཡོད། དེ་དག་གི་སྐབས་དགུན་གྱི་གུང་སེང་ལ་རྗེ་ཉིད་མཁྱེན་གཟིགས་ཁུ་ནུ་རིན་པོ་ཆེ་མཆོག་དང༌། སྤོམ་མདའ་མཁན་ཆེན་རྡོ་རྗེ་རིན་པོ་ཆེ། ཡོ་གེ་རིག་འཛིན། སྨྱོ་ཤུལ་མཁན་པོ། དིལ་མགོ་མཁྱེན་བརྩེ། ཀ་ལི་རིན་པོ་ཆེ་སོགས་ལས་ཟབ་ཆོས་གདམས་པ་ཁག་ཞུ་བར་ཕེབས་ཀྱི་ཡོད་པ་དང༌། གོང་གསལ་མཁན་པོ་གཞན་རྣམས་ལ་ཡང་ཆོས་ཀྱི་དོགས་གཅོད་བཀའ་འདྲི་ཞུ་རྒྱུའི་གོ་སྐབས་བྱུང་ཡོད་པ་སོགས་དང༌། དབོན་སྤྲུལ་རིན་པོ་ཆེའི་མཚོ་པད་ས་ཆ་གསར་གཟིགས་སོགས་ཀྱི་སྐབས་ཞབས་ཞུས་གང་ཐོན་བསྒྲུབས་འདུག་པ་སོགས་ཡིག་ཚོགས་མང་བས་འདིར་མ་བྲིས།
བརྒྱད་པ་འབྲི་གུང་བླ་བྲང་ཞབས་ཞུས་བསྐོར་ལ།
༡༩༧༥ལོར་འབྲི་གུང་༧སྐྱབས་མགོན་དཀོན་མཆོག་བསྟན་འཛིན་ཀུན་བཟང་ཕྲིན་ལས་ལྷུན་གྲུབ་མཆོག་ཐོག་མར་རྒྱ་གར་དུ་ཕེབས་འབྱོར་ཐོས་འཕྲལ། ལ་དྭགས་རྟོགས་ལྡན་རིན་པོ་ཆེ་དང་འབྲི་ཕྱག་དཀོན་མཆོག་བསམ་གཏན་སོགས་ལ་ཡི་གེ་ཕུལ་བར་ཁོང་རྣམས་ལྡི་ལིར་ཕེབས་འབྱོར་ཐོག་ལ་དྭགས་དྷ་རམ་ས་ལར་མཛད་སྒོའི་གོ་སྒྲིག་དགོས་ལུགས་ཕེབས་པར། རྗེ་ཉིད་ནས་བཞུགས་སྒར་རྡ་རམ་ས་ལར་མཛད་སྒོ་གནང་གལ་ཆེ་བ་ལས་ལྡི་ལིར་འོས་འབྲེལ་ཆེ་མིན་ཞུས་ནན་བཞིན་བཞུགས་སྒར་དུ་གཞུང་འབྲེལ་མཛད་སྒོ་ཚུག །བསྟན་ལར་སྨིན་ངེས་ཀྱི་དགོས་འདུན་འཛེམ་མེད་ཞུ་རྒྱུའི་མཚོན་སྐབས་དེའི་གསར་ཤོག་ནས་མཁྱེན་གསལ་ལྟར་དང༌། ༡༩༨༣བོད་ལྕགས་ཕག་ལོར་འཕགས་ཡུལ་གནས་ཆེན་མཚོ་པད་མར་འབྲི་གུང་༧སྐྱབས་མགོན་རིན་པོ་ཆེ་མཆོག་ནས་ཕག་ལོའི་བཀའ་ཆོས་དང་སྟབ་གཅིག་ལྷོ་འབྲོང་སྤྲུལ་བདུན་པ་ཁྲི་འདོན་གནང་རྒྱུར་བརྟེན་རྗེ་ཉིད་མཛད་སྒོར་བཅར་ཞུས་སྐབས༡༩༨༣སྤྱི་ཟླ༢པའི་ཚེས༢༥བོད་ཟླ་དང་པོའི་ཚེས༡༣དགོང་མོ་མཚོ་པད་མ་དུ་འབྲི་གུང་བཀའ་བརྒྱུད་ཚོགས་ཆེན་སར་འབྲི་གུང་སྐྱབས་མགོན་མཆོག་གིས་བཀའ་སློབ་དང་སྦྲག་རྗེ་ཉིད་གཞུང་ཞབས་ནས་དགོང་ཞུས་ཐོག་འབྲི་གུང་དྲུང་ཆེའི་ཞབས་ཞུས་དགོས་ལུགས་བཀའ་ཕེབས་གནང༌། ༡༩༨༣ཟླ༣ཚེས༤ལ་འབྲི་གུང་དབུས་ཆོས་ཚོགས་ཨ་ལི་མོ་རར་འཛུགས་རྒྱུར་སྐབས་དེར་བཅར་འབྱོར་ཐུབ་པ་དགོས་རྒྱུའི་ཐག་གཅོད་གནང༌།
་༨༣ཟླ༣ཚེས༡༩ལ་ཨ་ལི་མོ་རར་འབྲི་གུང་ཆོས་ཚོགས་སུ་ལས་བཅར་ཐོག་མར་གནང་མཛད་པ་དང༌། ༨༤ཟླ༡༠ཚེས༡༡སྤྱི་ནོར་གོང་ས་ལྷ་མིའི་རྣམ་འདྲེན་ཆེན་པོ་མཆོག་ལ་བཀའ་བརྒྱུད་སྤྱི་ཡི་བརྟན་བཞུགས་འབུལ་རྒྱུར་འབྲི་གུང་སྐྱབས་མགོན་མཆོག་གིས་ཞབས་ཞུས་བཅར་དགོས་ཕེབས་པ་བཞིན་བསྒྲོན་འབུལ་ཞུ་རྒྱུའི་དྭགས་ཞུ་དགོས་གལ་དགོངས་ནས་དྷ་སར་དབུ་ཆེ་ལ་བཟོ་རྒྱུར་མངགས། ༨༣ཟླ༡༠པའི་ཚེས་༡༤ཉིན་དུས་ཚེས་དགེ་བར་ཛི་ཏ་རི་ཚེ་སྒྲུབ་སྒོ་ནས་བརྟན་བཞུགས་འབུལ་བར་རྒྱལ་བ་རིན་པོ་ཆེའི་དྭགས་ཞྭ་དབང་རྟགས་ཅོད་པཎ་དུ་ཐོག་མར་གསོལ་བའི་ལོ་རྒྱུས་ལེའུ་གསར་དུ་བརྙེས།
དགུ་པ་འབྲི་གུང་བྱང་ཆུབ་གླིང་ས་ཆ་གསར་ཉོས་བསྐོར།
འབྲི་གུང་སྐྱབས་མགོན་རིན་པོ་ཆེ་༡༩༧༥ལོར་རྒྱ་གར་དུ་ཕེབས་འབྱོར་བྱུང་བ་ནས་བཟུང་༨༧བར་ལོ་བཅུ་གཉིས་རིང་བཞུགས་ཡུལ་ངེས་བརྟན་ཁེལ་བ་མ་བྱུང་བར་བརྟེན་ལྡི་ལིར་འབྲི་གུང་སྐྱབས་མགོན་མཆོག་ལ་དེ་དོན་ར་ཛ་སྤུར་ཕྱོགས་སུ་བཞུགས་ཡུལ་ས་གནས་གཟིགས་ན་གསོལ་དོན། དེ་བཞིན་ས་ཡུལ་བརྩལ་འཐུས་ཕེབས་པར་བརྟེན་ལྡི་ལི་ནས་ཕེབས་ཐོན་ཌེ་ཌོན་ཁུལ་ནས་ས་ཆ་ཚོལ་སྐབས་ས་བདག་ན་རན་དང་ཐུགས་འཕྲད་ཐོག་ས་ཆ་ཚོང་རྒྱུ་ཡོད་ལུགས་བརྗོད་པས་ཕན་ཚུན་བཀའ་མོལ་གནང༌། དེ་རྗེས་ས་ཆ་དེར་རྙོག་འཛིང་ཡོད་མེད་ཞིབ་འཇུག་བྱས་མཐར་སྦིས་ཀ་རེར་ཧིན་གོར་སུམ་སྟོང་སུམ་བརྒྱ་ལ་ཐོབ་པས་འགྱུར་བ་འགྲོ་དོགས་ནས་ལམ་གསེང་བདེ་དོན་རྣམ་རྒྱལ་དབང་འདུས་ལགས་ཀྱི་སར་ས་བདག་དང་རྗེ་ཉིད་མཉམ་པོར་ཕེབས་ནས་འཕྲལ་སེལ་ཆོད་གན་
དགོས་ལུགས་གསལ་སྟོན་མཛད་པར་རང་གཞུང་ནང་སྲིད་དྲུང་ཆེ་རྣམ་རྒྱལ་ཚེ་རིང་གིས་༡༩༨༠ལོར་སྤྱི༩ཚེས༢༤ལ་གཞིས་ཆགས་ས་ཆ་ཉོས་པར་སྦིས་ཀ་རེར་ཧིན་སྐོར་བཞི་སྟོང་སུམ་བརྒྱ་ལྔ་བཅུ་གནང་འདུག་པ་དེ་ནས་ད་བར་ལོ་བཞི་སོང་བར་ལོ་རེ་བཞིན་ས་གོང་འཕར་བཞིན་པར་བརྟེན་དེ་ལྟའི་རིན་གོང་ཆུང་བ་ལ་ཞེས་ཡ་མཚན་སྣང་གནང་ཡོད་པ་དང༌། སྐབས་དེ་དུས་སྐུ་ཞབས་རྣམ་རྒྱལ་དབང་འདུས་ལགས་དང་ལས་བྱ་བཀྲ་ཤིས་གཉིས་ནས་མཐུན་སྦྱོར་རྒྱུས་སྟོན་གང་ལེགས་གནང་ཡོད་འདུག །ལམ་གསེང་ཉོག་ཆོག་གི་དངུལ་མེད་སྟབས་ཕྱི་ཉིན་ཌེ་ཌོན་ཁྲིམས་ཁང་སར་རྗེས་ཉིད་དང་ས་བདག་གཉིས་ཀྱིས་ཁྲིམས་མཐུན་གན་རྒྱ་བཞག་ཏེ་སྔ་འདོན་ཧིན་སྒོར་སུམ་སྟོང་སྤྲད་ནས་༡༩༨༤ཟླ༣པའི་ཚེས་༡༩ཉིན་ས་རིན་རྣམས་གྲངས་ཚང་དུས་སྤྲོད་བྱ་རྒྱུ་དང༌། གལ་སྲིད་འགལ་ཚེ་གོང་གསལ་དངུལ་རྣམས་ཁོ་རང་ལ་བདག་ཐོབ་ཡོང་རྒྱུ་དང༌། ས་ཆ་གཞན་པར་ཕྱིར་ཚོང་ཆོག་རྒྱུ་གན་ཡིག་ཕན་ཚུན་གཉིས་ཀྱི་དན་རྟགས་བཀོད། དེ་ནས་བཞུགས་སྒར་དྷ་སར་བཅར་ཏེ་དངུལ་གཡར་ཞུས་དང་འབྲེལ་གོང་ཚེས་ཉིན་ས་གན་ཁྲིམས་མཐུན་གཙང་བཟོས་རིན་དངུལ་ཁྲིམས་སར་སྤྲད་ཅིང་ས་ཆ་དེ་དག་དབུས་འབྲི་གུང་བཀའ་བརྒྱུད་ཚོགས་པའི་མིང་ཐོག་ཉོས་ཤིང༌། དེ་རྗེས་བྱང་ཆུབ་གླིང་འབྲི་གུང་མཐོ་སློབ་དེབ་སྐྱེལ་བྱས་པ་རེད། ༡༩༨༤ཟླ༡༠པའི་ཚེས༡༤་ཉིན་ས་ཆ་གསར་ཉོས་ཐོག་ཏུ་བཤད་གྲྭ་རྒྱག་རྒྱུ་ཐག་ཆོད་བཀའ་ཁྲོལ་བ་དང༌། འབྲི་གུང་སྐྱབས་མགོན་རྣམ་གཉིས་ས་ཆར་ཕེབས་ཤིང་ཐུགས་སྨོན་གནང༌། དེ་རྗེས་ལམ་བཟོ་དང་ཆུ་འདྲེན་སོགས་ལས་འགོ་བཙུགས། ༡༩༨༦ཕྱི་ཟླ་༡༠པའི་ཚེས༣འཁོད་པའི་བཀའ་ཡིག་ལྟར་འབྲི་གུང་ལམ་མཁྱེན་པའི་མཚན་གྱི་ཅོད་པན་བསྩལ་ནས་ཕྱི་རྒྱལ་ཡུལ་གྲུ་ཁག་ལ་ཞབས་ཞུས་ཆེད་ཕེབས་གནང༌།
སྐབས་དེར་ཡུལ་གྱར་ཉམ་ཐག་དུས་སྐབས་དཀའ་ཁག་ཤིན་ཏུ་ཆེ་ན་ཡང༌། དམ་པ་འདི་ཉིད་ཀྱིས་རང་དོན་ཁུར་པོ་ཟུར་དུ་བཞག་སྟེ་རྣམ་དཔྱོད་ཀྱི་ལྷག་བསམ་པདྨ་དཀར་པོ་སྒོ་གསུམ་གྱི་ཡུར་བས་དྲངས་པའི་ཆབ་ཀྱིས་འབྲས་བཟང་ཕྱོགས་དང་ཕྱོགས་སུ་ཁྱབ་པའི་རྒྱུ་རྐྱེན་གྱི་རྟེན་འབྲེལ་ཚན་གཅིག་རེད།
སྨྲས་པ།
རྡོ་རྗེ་འཆང་དབང་སྐྱབས་མགོན་བཀའ་ལུང་བཞིན། །
འབྲི་བསྟན་ཉག་ཕྲར་གྱུར་པའི་དུས་དེ་རུ། །
དོན་རྒྱུད་སྙིང་པོའི་བསྟན་པ་སྤེལ་སླད་དུ། །
ལྷག་བསམ་པདྨ་དཀར་པོ་དེ་ན་མཆོད། །
རང་དོན་ཡལ་དོར་བཤད་སྒྲུབ་བྱ་བའི་ཆེད། །
ཚྭ་བསྲེག་མེ་མུར་ཆགས་འདྲའི་རྒྱ་ཐང་དུ།
དཀའ་ཚེགས་དང་བླང་འབྱུང་བཞི་སྒྱུ་ལུས་ལས། །
རྔུ་ཆུ་ཆར་ལྟར་རྡོལ་ཡང་ཇི་མི་སྙམ།
བཅུ་པ་དོན་རྒྱུད་སྙིང་པོ་རྒྱལ་བ་འབྲི་གུང་པའི་བསྟན་པའི་མངའ་བདག་༧སྐྱབས་མགོན་རིན་པོ་ཆེའི་སྐུ་ཚབ་ཆེད་བོད་ཡུལ་དུ་ཕེབས་པའི་སྐབས།
བོད་དུ་འབྲི་དགོན་ཁག་ལ་འཚམས་འདྲི་ཆེད་དུ་མི་འགྲོ་དགོས་གལ་ལ་སོང་རྗེ་ཉིད་ཕེབས་རྒྱུར་ཞུས། ལམ་འགྲོན་ཆེད་ཧིན་སྒོར་ཆིག་ཁྲི་སྔ་གཡར་ཞུས་ཤིང་རྗེས་སུ་རྩིས་གཙང་ཕྱིར་འབུལ་ཞུས་ཤིང༌། མདོར་ན་བལ་ཡུལ་ནས་དབུས་གཙང་འབྲི་གུང་དུ་གྲུབ་དབང་དཔལ་ཆུང་རིན་པོ་ཆེ་ཆེད་མཇལ་ཐོག་འབྲི་གུང་སྐྱབས་མགོན་མཆོག་གི་བཀའ་ཡིག་སྙན་འབུལ་དང་འབྲེལ་གདམས་པའི་སྐོར་བཀའ་གནད་ཞུས་བསྩལ་སོགས་དང༌། འབྲི་གུང་སྐྱབས་མགོན་ཆོས་ཀྱི་སྣང་བ་དང༌། ཨ་མགོན་རིན་པོ་ཆེ་དང༌། ནུབ་པ་རིན་པོ་ཆེ་སོགས་མཇལ་ཞུས་དང༌། དེ་རྗེས་ནག་ཆུར་རི་དབང་རིན་པོ་ཆེ་དང༌། བྱང་མི་ཏི་ཁར་གཅེས་དཀར་བླ་མ་དང་དེར་ཡོད་འབྲི་གུང་རྣམས་ལ་འཚམས་འདྲི་དང༌། ཝལ་ཐང་དགོན་གྱི་ཕྱག་མཛོད་རིན་ཆེན་སོགས་ལ་ཐུགས་འཕྲད་བཅས་ནག་ཤོད་ཁུལ་གྱི་འབྲི་དགོན་ཁག་ལ་འཚམས་འདྲིའི་གནས་འབྲེལ་བཏང༌།
དེ་ནས་བྱང་ལམ་རྒྱུད་སྒ་སྐྱེ་མདོར་ཕེབས། དེར་ཡོད་སྒ་ཡུལ་དགོན་ཁག་ལ་འབྲེལ་གཏུགས་དང༌། དེ་ནས་ནང་ཆེན་དུ་སྐྱབས་རྗེ་མགར་རིན་པོ་ཆེ་དང༌། ལྷོ་འབྲོང་སྤྲུལ་བསྟན་འཛིན་ཉི་མ་རིན་པོ་ཆེ། མི་འགྱུར་རིན་པོ་ཆེ། རྣམ་རོལ་རིན་པོ་ཆེ་རྣམས་ཀྱི་དབུས་བླ་གྲྭ་ཡོངས་ལ་འཇམ་དཔལ་གཤིན་རྗེའི་དབང་ཆེན་བདུད་དཔུང་ཟིལ་གནོན་འབུལ་དགོས་ཕེབས་པར་བཀའ་གསུངས་ཕྱིར་ལྡོག་མ་ཕོད་པར་ཕུལ་ཞིང་ཁོང་རྣམས་ཀྱིས་གཤིན་རྗེའི་ཟླ་གསང་མཚམས་སྒྲུབ་གནང་རྒྱུའི་ཞལ་བཞེས་གནང༌། གཞན་ཡང་ཨ་ཕྱིའི་གཏོར་དབང་སོགས་དང་དེ་རྗེས་འཇམ་དཔལ་གཤིན་རྗེའི་སྒྲུབ་པ་ཚུགས་ཤིང་དབྱངས་དང་ཕྱག་ལེན་མཐོང་རྒྱུན་གང་དྲན་གསུངས། ཟིན་ཐོ་དགོས་ཕེབས་བཞིན་གང་ངེས་མགྱོགས་བྲིས་གནང་ཏེ་བཞག སྐབས་དེར་ཕྲན་ཡང་དེར་ཡོད་པས་གྲྭ་ཆུང་ཞིག་གིས་ནམ་སྟོད་ཙམ་ལའང་ཆོ་ག་ཕྱག་ལེན་སྐོར་བཀའ་འདྲི་ཞུས་བཞིན་སྒྲ་སྡུད་འཁོར་ཐག་ཏུ་བཅུག་བཞིན་འདུག
གཞན་ནང་ཆེན་དགོན་ཁག་ལ་གསུངས་ཆོས་དང་འབྲེལ་འཚམས་འདྲི་གནང༌།
ཡེལ་པ་བཀའ་བརྒྱུད་རྟ་རྣ་དགོན་པར་གནས་མཇལ་དང་འབྲེལ་གྲུབ་ཐོབ་ལྕགས་ཟམ་ལུགས་ཀྱི་ཚེ་དབང་དགོས་འདུན་བཞིན་གནང༌། སྒྲུབ་ཁང་ཁག་གཉིས་ཀྱི་དགོས་འདུན་བཞིན་ལྔ་ལྡན་རྡོ་རྗེའི་ཚིག་རྐང་གི་མགྱོགས་ཁྲིད་མཛད།
འབའ་རོམ་བཀའ་བརྒྱུད་ཚང་གསར་དགོན་དུ་ཕེབས་སྐྱབས་རྗེ་བློ་གྲོས་རིན་ཆེན་མཆོག་གི་མདུན་ནས་མགོན་པོ་ཕྱག་བཞི་པ་དང་དུད་སོལ་མ་མགོན་དཀར་བཅས་ཀྱི་དབང་རྣམས་གསན། རིན་པོ་ཆེ་མཆོག་གི་དབུས་སྒྲུབ་གྲྭ་རྣམས་ལ་བཀའ་བསྒོ་དང་རྟེན་ལ་རབ་གནས་དགོས་ཕེབས་བཞིན་མཛད། རྗེ་ཉིད་ཀྱིས་བརྩམས་པའི་ལྔ་ལྡན་གྱི་འགྲེལ་བའི་ལུང་འབུལ་དགོས་བཀའ་ཕེབས་བཞིན་བླ་རྒན་རིན་པོ་ཆེ་མཆོག་ལ་ཕུལ།
ལྷོ་འབྲོང་སྤྲུལ་གདན་ས་ལུང་དཀར་ཐུབ་བསྟན་བཤད་སྒྲུབ་གླིང་དུ་ཕེབས། སྔ་རྗེས་སྡོམ་པས་ཐུགས་སྒྲུབ་དང༌། ཕུར་སྒྲུབ། བཀའ་འདུས་བདེ་ཆེན་སྙིང་པོ་དང༌། ཉང་གཏེར་བཀའ་བརྒྱད་ཁྲོ་རོལ་ཐོག་མར་ཚུགས་ནས་སྐབས་དེར་དབུ་མཛད་དགོས་འདུན་བཞིན་གནང༌། བཀའ་བརྒྱད་ཀྱི་གར་འཆམ་ཐོག་མར་ཚུགས། དེ་བཞིན་དགོངས་འདུས་ཚོགས་གར་ཆེན་མོ་དང་མཆོད་གར་བཅས་པར་དག་ཐེར་དང་དབྱངས་རོལ་ཕྱག་ལེན་དོགས་དྲི་ཞུས་པ་རྣམས་ལ་བཀའ་ལན་བསྩལ།
ལྷོ་འབྲོང་སྤྲུལ་བསྟན་འཛིན་ཉི་མ་རིན་པོ་ཆེ་མཆོག་ལ་ཕྱག་རྫོགས་ཀྱི་ཁྲིད་དང་འབྲི་གུང་ཆོས་རྒྱལ་རིན་ཆེན་ཕུན་ཚོགས་ཀྱི་ཟབ་གཏེར་ཡིད་བཞིན་ནོར་མཆོག་དང་གཤིན་རྗེའི་བསྐྱེད་རྫོགས་སྐོར་ཚང་སྤྲུགས་སུ་ཕུལ། གཅོད་འཇའ་ལུས་ཀུན་འགྲུབ་ཀྱི་དབང་རྒྱུན་ཆད་ཉེར་རྟེན་དེ་དག་འབུལ་དགོས་ཕེབས་པར་བཞིན་ཕུལ་བ་མ་ཟད་ལྷོ་ལུགས་ཀྱི་གཅོད་ཀྱི་འདེབས་དབྱངས་དང་ལུང་བཅས་གནང༌།
དེ་ནས་ཡར་འབྲི་གུང་རྒྱུད་སྟོད་གངས་རི་གནས་བསྐོར་དང་སྦྲགས་འབྲི་དགོན་རྒྱང་གྲགས་དགོན་པར་ཕེབས་རྟེན་ལ་རབ་གནས་དང་འབྲི་གསོལ་རྒྱས་པ་བཏང༌། དགོན་པའི་ཐོ་དེབ་ཀྱི་མཆོད་བརྗོད་སོགས་བརྩམས་དགོས་འདུན་བཞིན་མཛད།
གསེར་ལུང་སྒྲུབ་སྡེར་བཙུགས་འདུག་པར་དེར་མདུན་ཆུ་སྤྲུལ་སྐུ་དང་མར་སྨྲིག་སྤྲུལ་སྐུ་གཙོས་སྒྲུབ་གྲྭ་རྣམས་ལ་ཕྱག་ཆེན་ཆོས་དྲུག་གི་ཉམས་བཞེས་ལྷོད་མེད་དགོས་ལུགས་སོགས་བསྐུལ་མ་ནན་པོ་གནང༌། རྟེན་འབྲེལ་མཚོན་བྱེད་དམངས་སྒོར་༡༠༠་དང་དར་བཅས་ཕུལ།
དེ་རྗེས་སྤུ་ཧྲང་དགོན་པར་ཕེབས་གྲྭ་ཆུང་གཉིས་ཀྱིས་བསྐང་གསོའི་ལུང་དགོས་འདུན་བཞིན་ཕུལ། དེ་ནས་མ་ཕམ་གཡུ་མཚོ་གསེར་ལུང་དགོན་དུ་འབྱོར་དེར་དབང་དང་རབ་གནས་གནང༌། དེ་ནས་སླེ་མེའི་ཡུལ་དགོན་རྟ་ཁལ་གྱིས་བསུ་བ་བྱུང་བ་བཞིན་སླེ་མེའི་དགོན་ཁག་གསུམ་ལ་དབང་བཀའ་དང་ཨ་ཕྱིས་བསྐང་མདོས་སོགས་བཅའ་བསྒྲུབས་མཛད། དགེ་བསམ་སྦྱོར་གཙོས་སླེ་མེའི་ཡུལ་མགོན་གྱིས་བསུ་སྐྱེལ་གང་ལེགས་ཀྱིས་བལ་ཡུལ་རྒྱུད་རྒྱ་གར་བྱང་ཆུབ་གླིང་དུ་གེགས་མེད་ཕེབས་འབྱོར་གནང༌།
བཅུ་གཅིག་པ་ཐེ་ཝན་དུ་ཕེབས་པའི་སྐོར།
འབྲི་གུང་༧སྐྱབས་མགོན་རིན་པོ་ཆེ་མཆོག་གིས་རྗེ་ཉིད་ཐེ་ཝན་དུ་བཏང་གནང་བ་དང༌། དེ་དུས་ཐེ་ཝན་ནང་པ་དང་བོད་ཀྱི་ནང་པ་ཕན་ཚུན་བར་འབྲེལ་བ་དེ་ཙམ་མ་མཆིས་སྟབས་ཐེ་ཝན་ཀྲུང་ཧྭ་ནང་བསྟན་ཚོགས་པའི་གཙོ་འཛིན་ཆེ་ཤོས་དབུ་མན་ཙང་ལོ་དང་མཉམ་དུ་ཆོས་ཀྱི་མཛད་སྒོ་བཙུགས་ཤིང་རྒྱ་བོད་ནང་པའི་མཉམ་འབྲེལ་མཛད་སྒོ་བཙུགས་པའི་སྲོལ་ཐོག་མར་ཕྱེས། ཐེ་ཝན་འབྲི་གུང་བཀའ་བརྒྱུད་ཀྱི་ཚོགས་པ་དེབ་སྐྱེལ་གནང་བ་དང༌། སྒོ་འབྱེད་དུ་འབྲི་གུང་༧སྐྱབས་མགོན་རིན་པོ་ཆེ་མཆོག་གདན་འདྲེན་ཐོག་གོང་གསལ་ཐེ་བོད་ནང་པའི་ཆོས་ཀྱི་མཛད་སྒོའི་འབྲི་གུང་ཆོས་ཚོགས་སྒོ་འབྱེད་གནང༌།
དེ་རྗེས་རྗེ་ཉིད་ནས་དབུ་ཁྲིད་པའི་ཐེ་ཝན་དགོན་ཁག་བརྒྱ་ལྷག་དང་ཆོས་ཚོགས་ཁག་བཅས་པས་གོང་ས་མཆོག་གདན་ཞུ་བྱ་རྒྱུ་གྲོས་མཐུན་གནང་བ་དང༌། སྐབས་དེར་རྗེ་ཉིད་ལག་འཁྱེར་རྐྱེན་པས་ཕེབས་བདེ་མ་བྱུང་གཤིས་༡༩༩༣ཕྱི་ཟླ༡༢་ཚེས༡༣འཁོད་པའི་གོང་ས་མཆོག་ལ་ཕུལ་བའི་སྙན་ཞུ་དང་རྒྱ་བོད་ཤན་སྦྱར་དགོན་ཁག་བརྒྱ་ལྷག་དང་ཚོགས་པ་ཁག་གི་རྟགས་འཁོད་ཀྱིས་སྙན་ཞུ་དང་སྦྲགས་ཁེ་ན་ཊ་ནས་ནང་སྲིད་དྲུང་ཟུར་བཀྲ་ཤིས་སྟོབས་རྒྱལ་ལགས་རྗེ་ཉིད་ཀྱི་ཚབ་ཏུ་་ཕེབས་རོག་ཞུས་ཤིང་ཁོང་གི་ལྷན་དུ་ཆོས་ཚོགས་ཀྱི་འཐུས་མི་བཅས་བཞུགས་སྒར་དུ་བཅར། ༧གོང་ས་མཆོག་ཆིབས་བསྒྱུར་མ་གྲུབ་ཀྱང་བཀའ་རྒྱ་དང་སྦྲགས་སྐུ་ཚབ་ཏུ་སྤྱན་རས་གཟིགས་ཀྱི་སྐུ་དང་ཆོས་དོན་དྲུང་ཟུར་ཁམས་དབང་རིན་པོ་ཆེ་དང༌། ས་སྐྱ་བདག་ཆེན་ཕུན་ཚོགས་ཕོ་བྲང༌། མཆོག་སྤྲུལ་ཀརྨ་བག་ཡོད་རིན་པོ་ཆེ༌། དགེ་བཤེས་ཀླུ་འབུམ་ཐུབ་བསྟན་རྒྱ་མཚོ་མཆོག་བཅས་གདན་འདྲེན་ཞུས་ཐོག་ཆོས་ཀྱི་མཛད་ཆེན་བཙུགས་ནས་བསྟན་སྲུང་དམར་ནག་གི་གསོལ་མཆོད་སོགས་གང་ལེགས་གནང་ཞིང་ཐེ་ཝན་ནང་ཆོས་བརྒྱུད་བཞི་མཉམ་འཛོམས་ཀྱི་མཛད་སྒོའི་ལོ་རྒྱུས་ཐོག་མ་དེ་ཡིན་པ་དང༌། སྤྱི་ནོར་༧་གོང་ས་ལྷ་མི་རྣམ་འདྲེན་ཆེན་པོ་མཆོག་ཐེ་ཝན་དུ་ཞབས་འཁོད་ཐུབ་པའི་རྟེན་འབྲེལ་གྱི་སྒོ་འཕར་ཕྱེས་པའི་ལོ་རྒྱུས་ལེའུ་གསར་དུ་གཏོད། དེ་རྗེས་སྒམ་པོ་པའི་ཆོས་ཚོགས་དབུ་འབྱེད་གནང་ཏེ་རང་དགོན་གཙོར་གཟུང་ཐོག་འབྲི་བསྟན་ལ་སྨིན་པའི་ཕྱག་ལས་གནང༌།
སྨྲས་པ།
རྒྱལ་བསྟན་ལམ་བཟང་གི་དོར་ར་རུ། །
ལྷག་བསམ་སོ་ནམ་ཞིག་བསྐྲུན་འདོད་ཀྱང༌། །
དྲག་ཆར་རླུང་འཚུབ་ཀྱི་རྐྱེན་དབང་གིས། །
ནང་རྣལ་འབྱོར་ལ་བཞག་ཏེ་རང་དབབ་གནས། །
གཞན་ཡང་སྐབས་དེར་བསྟན་པ་སྤྱི་ལ་དམིགས་པ་རྒྱང་གཟིགས་ཀྱིས་བོད་མདོ་དབུས་ཁམས་གསུམ་དང་ཕྱི་རྒྱལ་ཡུལ་ཁག་འབྲི་གུང་བཀའ་བརྒྱུད་ཀྱི་ཆོས་ཚོགས་ཐམས་ཅད་ལ་འབྲེལ་མཐུད་གྱིས་ཕྱག་ལས་རྒྱ་བསྐྱེད་གནང༌། དེ་རྣམས་ཕན་ཚུན་འབྲེལ་ལམ་གང་འདྲ་གནང་ཡོད་མེད་སྟོད་མང་ཡུལ་ནས་སྨད་མདོ་ཁམས་བར་གྱི་འབྲི་གུང་བཀའ་བརྒྱུད་དགོན་སྡེ་ཁག་དང་ཕྱི་རྒྱལ་ཡུལ་ཁག་བཅས་ལ་འབྲེལ་མཐུད་དངོས་འབྲེལ་གནང་ཡོད་པའི་ཡིག་སྣ་ཁག་རོབ་བསྡུས་རྣམ་ཐར་རྒྱས་པའི་ནང་བཀོད་ཡོད།
བཅུ་གཉིས་པ་བྱང་ཨ་མས་རི་ཀ་ལ་ཕེབས་པའི་བསྐོར།
ཨ་རི་སྒམ་པོའི་ཆོས་ཚོགས་དབུ་འབྱེད་གནང་ཏེ་དོན་རྒྱུད་སྙིང་པོའི་བསྟན་པ་འཆད་སྤེལ་དང་འབྲེལ་རྗེ་ཉིད་ཀྱིས་བརྩོམས་བསྒྲིགས་གནང་བའི་ཕྱག་ཆེན་ལྔ་ལྡན་གྱི་སྔོན་འགྲོའི་འགྲེལ་བ་དང༌། ལྔ་ལྡན་ཚིག་འགྲེལ། གཤིན་རྗེའི་རྣམ་བཤད། ལྡོང་འབྲོང་བའི་དེབ་ཐེར་སྨུག་པོ། དེ་རྣམས་གཙོ་བོར་གྱུར་པའི་ལྗགས་བརྩོམ་ཁག་ཐུན་གསེང་ནས་ལེགས་པར་གྲུབ་པར་བགྱིས་པ་དང༌། འདི་རྣམས་དཀར་ཆགས་ཟུར་བཀོད་གཟིགས་ཞིབ་དང༌། དེང་སྐབས་བལ་ཡུལ་དུ་དཔལ་ལྡན་ཕག་གྲུའི་ནང་བསྟན་སློབ་གྲྭ་དང༌། བོད་དུ་རང་དགོན་ཀཿབཀྲ་ཤིས་ཐུབ་བསྟན་རབ་རྒྱས་གླིང་གཙུག་ལག་ཁང་གསར་བཞེངས་དང༌། མཚམས་གྲྭ་གསར་བཙུགས་སོགས་དང༌། ལ་དྭགས་ཤར་ཆུ་དགོན་པར་ཀུན་རིགས་དང་གཙུག་གཏོར་རྣམ་རྒྱལ་སྒྲུབ་མཆོད་ལོ་ལྟར་ཆགས་མེད་དང༌། གཡུ་རུ་དགོན་ལོ་ཆེན་རིན་ཆེན་བཟང་པོས་བཞེངས་པའི་དུད་སོལ་གསུང་བྱོན་མ་ཉམས་རྒུད་བདག་མེད་དུ་འདུག་པ་མཆོད་ཁྲི་སོགས་ཉམས་གསོ་ཟླ་བསྐང་ཆགས་མེད་སྦྱོར་འཇགས་དང༌།
སྒང་སྔོན་དགོན་པར་བསྟན་སྲུང་ཨ་ཕྱིའི་བསྐང་མདོས་སྦྱོར་འཇགས་དང༌།
སྨད་འཇང་ཡུལ་དགོན་ཁག་ལ་གཏུགས་འབྲེལ་དང་དབང་ཆོས་སློབ་སྟོན་བསྟན་ལར་སྨིན་པའི་མཛད་པ་ལ་གཞིག་ན་རྗེས་སུ་ཡི་རང་བའི་གནས་སུ་གྱུར་པ་ཤ་སྟག་གོ །མདོར་ན་སྟོད་མང་ཡུལ་ལ་དྭགས་ནས་རྒྱ་གྱི་ཐན་མི་ཉག་ཡན་ཆད་བར་དུ་རྒྱལ་བསྟན་སྤྱི་བྱེ་ལ་སེང་གེ་བཞིན་རྒྱང་མཐའ་སྲུང་བཞིན་གང་ན་ཤོར་ཀེ་ཡོད་སར་སྒོ་གསུམ་གྱིས་སྙིང་སྤོབས་དང་བསླབ་བྱ་ལམ་སྟོན་འགྲེལ་བརྗོད་གནང་བ་དང༌། ཟབ་ཆོས་ཀྱི་གདམས་པ་གང་ལ་གང་འདུལ་གནང་བཞིན་པ་བཅས་ཀྱི་སྐབས་ཏེ་གཉིས་པའོ། །
སྨྲས་པ།
བསམ་སྦྱོར་རྒྱ་ཆེན་མཁའ་བཞིན་ཡངས་པ་ལ། །
ཤེས་རབ་གཟུངས་སྤོབས་རྒྱུ་སྐར་བཞིན་དུ་བཀྲ། །
མོས་དད་ཞིང་ས་གཤིན་པའི་ས་ཕྱོགས་སུ། །
རྣམ་དཀར་འབྲས་དྲུག་དུས་སུ་སྨིན་འདི་རྨད།
གནག་ཕྱུག་འཚོ་བའི་རྫི་ཕྲུག་གིས། །
སྡེབ་སྦྱོར་སྙན་ངག་མི་ཤེས་ཀྱང༌། །
དད་གསུམ་བ་གམ་རྩེ་མོ་ནས༌། །
དངོས་མཐོང་ཡིག་གེའི་གཟུགས་སུ་བཀོད། །
ལྡོང་གི་འབྲོང་རབས་དེབ་སྨུག་ལས། །
ཅུང་ཟད་བསྡུས་ཏེ་འབྲི་བ་པོ། །
ཀ་བན་བསྟན་འཛིན་ཉི་མ་ཡིས། །
དད་སྤྲོའི་སོར་བཅུས་ཟློས་གར་བསྒྱུར། །
ཅེས་ཀ་གྲོ་སྦས་ལུང་ཡངས་པའི་གསེར་གཞུང་དུ་སྐྱེས་པ་རུས་མིང་དཔང་ཞེས་འབོད་པའི་མཁན་མིང་བསྟན་འཛིན་ཉི་མས་ཨ་མས་རི་ཀའི་མངའ་སྡེ་ནེའུ་རྒྱར་སེས་སམ་སྐྱེས་ཚལ་གྱི་མངའ་སྡེའི་ནུབ་ཕྱོགས་འཇའ་མཚོན་མཚོ་དང་མེ་ལོང་མཚོའི་གླིང་བར་གནས་པའི་སྒམ་པོ་པའི་ཆོས་གླིང་དུ་སྤྱི་ལོ་༢༠༠༧ཟླ་༡༠ཚེས་༡༠ཉིན་བྲིས་པས་དགེ་ལེགས་འཕེལ། བཀྲ་ཤིས།